ISSN 2768-4261 (Online)
Shedup Tenzin བཤད་སྒྲུབ་བསྟན་འཛིན།
ཀ་རེ་ཀོར་རེའི་མི་ཚེ་གང་འཁྱོལ་གྱིས།།
ཁ་རེ་ཁུ་རེའི་དཀར་པོའི་ལས་བསགས་ལ།།
ག་རེ་གོར་རེའི་འཁོར་བའི་རྒྱ་མཚོ་རུ།།
ང་རེ་ངུ་རེ་མེད་པར་དགེ་བར་འབུངས།།
ཅ་ལེ་ཅོ་ལེ་གཏམ་གྱིས་དུས་འདའ་བས།།
ཆལ་ལེ་ཆོལ་ལེ་སེམས་ཀྱི་གཤིས་ཀ་ལ།།
འཇལ་ལེ་འཇོལ་ལེའི་བག་མེད་གོས་བཀླུབས་པས།།
ཉ་ལེ་ཉོ་ལེ་ངན་འགྲོའི་གཡང་སར་ལྷུང་།།
ཏ་རེ་ཏོ་རེས་གཟུངས་སྔགས་ཅི་ནུས་ཀྱིས།།
ཐ་རེ་ཐོ་རེ་ཡང་ཡང་བཟླས་པ་ཡིས།།
ད་རེ་དིར་རེའི་བུང་བའི་སྒྲ་སྐད་བཞིན།།
ན་རེ་ནོར་རེ་འབྱིན་ཡང་ཚོགས་བསགས་རྒྱུ།།
པ་ལེ་པུ་ལེ་མེད་པར་ཐོས་བསམ་དང༌།།
ཕ་རེ་ཕུ་རེ་སྒོམ་ལ་ཉེར་གཞོལ་ནས།།
བ་རེ་བོ་རེ་སྤངས་ཤིང་རྩེ་གཅིག་ངང༌།།
མ་ལེ་མོལ་ལེས་ཉོན་མོངས་རྣམ་པར་འཇོམས།།
ཙ་ལེ་ཙོ་ལེ་འདུ་འཛིར་རྣམ་པར་གཡེང་།།
ཚ་ཚ་ངར་ངར་འདོད་ཡོན་ལོངས་སུ་སྤྱོད།།
ཛ་རེ་འཛོར་རེའི་འཁོར་བའི་སྟོན་མོ་ཡིས།།
ཝ་ལེ་ཝ་ལེའི་ཡིད་ནི་དབང་མེད་འཕྲོག།།
ཞ་རེ་ཞོ་རེར་དགེ་བར་མི་བརྩོན་ཞིང༌།།
ཟ་རི་ཟི་རིའི་ལས་ཀྱི་བྲེལ་ཟིང་དང༌།།
འ་ལེ་འོལ་ལེའི་རྣམ་གཡེང་ལེ་ལོའི་ངང་།།
ཡ་ལེ་ཡོ་ལེར་ཆུད་ཟོས་མ་ཐོངས་ཤིག།།
ར་ལེ་རི་ལེའི་གོ་ལ་ཟླུམ་པོ་འདིར།།
ལ་ངེ་ལིང་ངེར་འགུལ་བའི་འཇིག་རྟེན་ཀུན།།
ཤ་རི་ཤུ་རི་མི་ཚེའི་དུས་འདའ་བཞིན།།
ས་རེ་སོར་རེའི་ངང་ཚུལ་འདི་སྐྱོ་བ།།
ཧ་ནེ་ཧོ་ནེའི་བག་མེད་སྤངས་ནས་ནི།།
ཧ་བེ་ཧོབ་བེའི་ཚུལ་ལ་རྒྱབ་ཕྱོགས་ཤིང་།།
ཨ་རེ་ཨོ་རེ་བྱིས་པའི་འོ་དོད་སྤངས།།
ཨེ་མ་ཨེ་མ་བཀྲ་ཤིས་ལོ་གསར་ཉིན།།
ཨ་ལ་ཐ་ལའི་བཀྲ་ཤིས་གླུ་དབྱངས་ལེན།།
This poem won the second position in the Shang Shung Institute’s (London Institution of Tibetan Studies) 2023-2024 International Poetry Competition on the theme of ‘the year of the wood dragon.’
Shedup Tenzin བཤད་སྒྲུབ་བསྟན་འཛིན། is a graduate from the Central Institute of Higher Tibetan Studies, holds the M.A., M. Phil. & Ph. D. degree from the Department of Buddhist Studies, University of Delhi. He is the former Chairperson of the Board of Undergraduate Studies in Modern Tibetan at the University of North Bengal, India. He currently teaches in the Department of Indo-Tibetan Studies at Visva-Bharati University in West Bengal (India).
© 2021 Yeshe | A Journal of Tibetan Literature, Arts and Humanities