ISSN:    

yeshe logo_00
A Journal of Tibetan Literature, Arts and Humanities
English
ཡེ་ཤེས་དུས་དེབ་སྐོར་གྱི་ངོ་སྤྲོད།

ཡེ་ཤེས་དུས་དེབ་ནི་སྤྱི་ལོ༢༠༢༠ལོར་ཐོག་མར་འགྲེམས་སྤེལ་ཞུས་ཏེ་བོད་ཀྱི་རྩོམ་པ་པོ་དང་བོད་རིག་པའི་ཞིབ་འཇུག་པ་ཚོས་འབྲི་རྩོམ་བྱས་པའི་བརྩམས་ཆོས་རྣམས་དཔར་སྐྲུན་ཡོང་ཆེད་དམིགས་པའི་དོ་ར་ཞིག་ཆགས་ཡོད། ཡེ་ཤེས་དུས་དེབ་དེ་དག་དཔྱད་ཞིབ་ཀྱི་རྣམ་པའི་ཐོག་ཏུ་བཏོན་པའི་དུས་དེབ་ཅིག་ཡིན་པར་བརྟེན། དོན་གཉེར་ཆེན་པོས་སྤུས་ཚད་དང་ཞིབ་འཇུག་གི་ཚད་གཞི་མཐོ་བའི་དཔྱད་རྩོམ་རྣམས་དཔེ་སྐྲུན་བྱེད་ཐུབ་པར་འབད་བརྩོན་བྱེད་བཞིན་ཡོད། ཡེ་ཤེས་དུས་དེབ་ཀྱི་འདོན་ཐེངས་སོ་སོའི་ནང་དུ་བཀོད་ཟིན་པའི་རྒྱུ་ཆ་རྣམས་ལ་པར་གཞིའི་བདག་དབང་ཡོད། ཡིན་ན་ཡང་། རྒྱུ་ཆ་དེ་རྣམས་བསྐྱར་དུ་པར་སྐྲུན་བྱེད་རྒྱུར་ཆོག་མཆན་ཐོབ་དགོས་པ་དང་རྒྱུ་ཆ་དེའི་ཐོག་མའི་ཡོང་ཁུངས་ལ་ངོས་ལེན་ཞུ་དགོས།

རྩོམ་པ་པོ་རྣམས་ཀྱིས་ཡེ་ཤེས་དུས་དེབ་ཀྱི་འདོན་ཐེངས་སོ་སོའི་ནང་དུ་བཀོད་པའི་རྩོམ་ཡིག་གི་རྒྱུ་ཆ་དག་གི་པར་གཞིའི་བདག་དབང་རང་ས་ནས་ཉར་སྲུང་བྱ་དགོས། ཡེ་ཤེས་དུས་དེབ་ནི་ཁྲ་ལི་བོད་ཀྱི་སྒྱུ་རྩལ་དང་རྩོམ་རིག་གོང་འཕེལ་ཚོགས་པ་ནས་གཙོ་གཉེར་བྱས་ཤིང་། ཁྲ་ལི་ཚོགས་པས་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་ནང་བོད་ཀྱི་རིག་གཞུང་དང་སྐད་ཡིག་ཁྱབ་གདལ་གཏོང་བའི་ལས་གཞི་ཁག་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད།   ངེད་ཚོའི་“ཡེ་ཤེས་དུས་དེབ་”ཀྱི་མིང་དེ་དག་བོད་ཀྱི་སྙན་ངག་པ་ལྗང་བུའམ། མཚན་གཞན་དུ་ལྕེ་ནག་ཚང་རྡོ་རྗེ་ཚེ་རིང་ལགས་ནས་བཏགས་པ་དང་། བོད་ཡིག་གི་ཡིག་གཟུགས་འབྲི་མཁན་དེ་ནི་བོད་ནང་བཞུགས་པའི་རིག་འཛིན་བསམ་གྲུབ་ལགས་རེད།

བྱུང་བ་ཀླད་ཀྱི་གཏམ།

བོད་ཡིག་གི་རྩོམ་རིག་སྟེ་སྙན་ངག་ཡིན་ཡང་ཆོག་ལྷུག་རྩོམ་ཡིན་ཡང་རུང་དེ་སྔར་བཞིན་གོང་འཕེལ་འགྲོ་བཞིན་ཡོད་པའི་སྣང་ཚུལ་ལ་རྩོམ་རིག་ལ་དགའ་ཞེན་ཡོད་པའི་མི་མང་པོ་ཧ་ལས་སྲིད།  བོད་ཀྱི་ངོམ་རི་བའི་ཤེས་ཡོན་གྱི་ལོ་རྒྱུས་ཧྲིལ་བོར་བལྟས་ཙ་ན།  བོད་པ་ཚོས་རྩོམ་རིག་ལ་མཐོང་ཆེན་བླ་ལྷག་གནང་ཡོད་ཚུལ་རྟོགས་ཐུབ།  དེར་ནང་པ་སངས་རྒྱས་ཀྱི་སློབ་དཔོན་རྣམས་ཀྱིས་གསུང་རབ་ཀྱི་པོ་ཏི་རི་བོའི་གཏོས་དང་མཉམ་པ་བརྩམས་ཡོད་ལ། རྩོམ་རིག་སྒྱུ་རྩལ་ནི་རིག་པའི་གནས་བཅུའི་ཆ་ཤས་ཤིག་ཡིན་པ་གང་ངེས་དོན་གྱི་ནང་པའི་མཁས་པ་ཞིག་ཡིན་ཕྱིན་དེ་ལ་བྱང་ཆུབ་པ་བྱ་བའི་འདུན་མ་མཆིས། དེའི་ཕྱིར་རྩོམ་རིག་དང་རྩོམ་རིག་རྐྱང་མས་བོད་ཀྱི་ཤེས་ཡོན་པ་ཞིག་གི་མི་ཚེ་གྲུབ་པར་གོ་གནས་གལ་ཆེན་ཞིག་བཟུང་སྟེ་དུས་རབས་མང་པོ་ཕྱིན་ཡོད།  དཔེ་སྐྲུན་ལས་རིགས་ཡང་དར་ཁྱབ་ཆེ་ལ།  ཤིང་པར་ཁང་ལ་དཔེར་ན་རྒྱ་ཆུང་ས་ནས་མཐའ་འཁོབ་ཀྱི་མཚམས་ཁང་དང་དེ་མིན་སྒྲིག་འཛུགས་ཀྱི་གཞི་རྒྱ་ཆེན་པོ་ལྡན་པའི་སྡེ་དགེ་པར་ཁང་སོགས་བོད་ཁུལ་གྱི་ས་ཆ་གང་སར་ཁྱབ་ཡོད།  དཔེ་ཆ་ལ་དགའ་ཞེན་ཅན་རྣམས་ཀྱི་རྒྱུད་ཀྱི་བརྩེ་བ་ཟབ་མོ་དེས་བོད་ཀྱི་རྩོམ་རིག་གི་སོར་ཆུད་ནུས་པ་དང་ཉམས་པ་མེད་པའི་མཐུ་སྟོབས་མཚོན་ཡོད།

དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུའི་ཡར་སྔོན་གྱི་བོད་ཀྱི་ཤེས་ཡོན་དང་རིག་གནས་ཀྱི་འཇིག་རྟེན་དེ་དེང་སྐབས་བོད་ཀྱི་རྩོམ་རིག་གི་གནས་བབ་དང་བསྡུར་ན།  མཚུངས་ཆོས་ཉུང་མོད་རྩོམ་རིག་ལ་ད་ལྟ་ཡང་རིག་གནས་པ་དག་གིས་མཐོང་ཆེན་བྱེད་བཞིན་ཡོད།  དུས་རབས་ཉི་ཤུ་པའི་ལོ་རབས་སྔ་མར་འཁྲུངས་ཤིང་སྲོལ་རྒྱུན་གྱི་དགོན་པའི་སློབ་གསོའི་མ་ལག་ལས་གསོ་སྐྱོང་གནང་བའི་དཔྱོད་ལྡན་རྣམས་རང་བཞིན་དང་།  དེ་མིན་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུའི་མཇུག་ནས་བདུན་ཅུའི་མཇུག་རིང་གི་བོད་ཁམས་བསྐྱོམས་པའི་དྲག་ཆར་གྱིས་རྐྱེན་བྱས་མཐོང་ཡུལ་དུ་བྲལ།  ཤུལ་དུ་བཞུགས་ཡོད་མཁན་རྣམས་ཀྱིས་རང་གི་ཤེས་བྱ་དང་བོད་ཡིག་ལ་བཟུང་བའི་བརྩེ་བ་གསར་དུ་བཙུགས་པའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནས་སྐྱེད་སྲིང་བྱས་པའི་སློབ་མ་དག་ལ་བརྒྱུད་སྤྲོད་བྱས་ལ།  སློབ་མ་དེ་དག་གིས་ཉེ་དུས་ཀྱི་བོད་ཀྱི་ཤེས་ཡོན་པ་དང་རིག་གནས་པའི་མི་རབས་གསར་པ་གྲུབ་ཡོད།  རྩོམ་པ་པོ་དང་པར་སྐྲུན་བྱ་ལུགས།  རྩོམ་ལུས་དང་བརྗོད་གཞི་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད།  ད་ལྟ་སྐྱ་སེར་ཕོ་མོ་སུ་ཡིན་ཡང་རྩོམ་པ་པོ་བྱས་ཆོག   ད་ལྟ་དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུའི་མཇུག་དང་།  ཡང་ན།  བརྒྱད་ཅུའི་མགོར་དར་མེད་པའི་རྩོམ་ལུས་བརྩམས་སྒྲུང་དང་།  སྒྲུང་ཐུང་།  རང་མོས་སྙན་ངག་སོགས་བྲིས་ཆོག་ལ་རྒྱུན་ལྡན་གྱི་འཚོ་བ་དང་བརྩེ་དུངས། དཔལ་འབྱོར།  སྤྱི་ཚོགས་ཀྱི་འབྲེལ་བ་སོགས།  མདོར་ན།  འཇིག་རྟེན་པའི་སེམས་ཁྲལ་བརྗོད་བྱ་བྱས་པ་སོགས་ཆོས་ལུགས་དང་དངོས་མེད་ཀྱིས་དག་བཅོས་མ་བྱས་པའི་བརྗོད་གཞི་མང་པོ་རྩོམ་ཆོག  ཁ་ཤས་ཀྱིས་རྒོལ་ལན་སྤྲད་སྲིད་མོད།  དེ་ཡིས་བོད་ཀྱི་རྩེ་ཕུད་ཀྱི་དཔུང་སྡེ་སྲིད་ལུགས་སུ་བསྒྱུར་ཡོད་པའི་དེང་གི་གནས་སྟངས་མཚོན་ཡོད།  འོན་ཀྱང་། མིའི་རིགས་དང་རང་བྱུང་།  འཚོ་བ་ལ་ཐུགས་འཁུར་གཏིང་ཟབ་མོ་གནང་བའི་སྤྱི་སེམས་དོར་མེད།

ད་ལྟའི་ཆར།  དུས་རབས་བརྒྱད་ཅུའི་དཀྱིལ།  ཡང་ན།  དགུ་བཅུ་པ་ནས་བཟུང་རྩོམ་འབྲིའི་ལས་ལ་གཞོལ་མཁན་གྱི་རྩོམ་རྩལ་ཡོངས་སུ་རྫོགས་པའི་བོད་ཀྱི་རྩོམ་པ་པོ་དང་།  དེ་མིན་གསར་སྐྱེས་ཀྱི་རྩོམ་མཁན་ཕོ་མོ་གང་སྟེ་རྩོམ་འབྲི་བ་ལས་སེམས་ངལ་དང་རང་ཚུགས།  བལྟོས་བཅས་ཀྱི་རང་དབང་བསྙེག་བཞིན་པའི་དཔུང་སྡེ་ཡིས་རང་གི་སྐད་ཡིག་གི་ལམ་ནས་རྩོམ་རིག་བརྩམས་ཆོས་ཡག་པོ་དཔར་སྐྲུན་བྱས་དང་བྱེད་བཞིན་ཡོད།  སྒྲུང་ཐུང་ལེགས་པོ་དང་བརྩེ་དུངས་ཀྱིས་ཕྱུག་པའི་སྙན་ངག ཟིལ་ཤུགས་ཆེ་བའི་བརྩམས་སྒྲུང་མང་པོ་བྱུང་མྱོང་ཡོད་ལ།  ད་དུང་ཡང་མུ་ནས་མུ་རུ་འབྱུང་བཞིན་ཡོད།  བོད་ཡིག་གི་ལམ་ནས་པར་སྐྲུན་བྱས་པ་ཐམས་ཅད་ལ་དོ་སྣང་སྤྲད་དགོས་པའི་དམ་ཚིག་སུས་ཀྱང་འཇོག་མི་ཐུབ་མོད།  བོད་ཡིག་གི་རྩོམ་རིག་གི་སྡིངས་ཆ་ལ་མཚོན་ན།  སྐད་ཡིག་གཞན་པ་དང་ཅུང་མི་འདྲ་ས་འདུག  དེའི་ཁྱད་ཆོས་གཙོ་བོ་ཞིག་ནི་བོད་ཀྱི་སྐད་ཡིག་དང་ཤེས་རིག་གི་ལས་དབང་ལ་བཅངས་བའི་བརྩེ་བ་ཟབ་མོ་ཞིག་དང་།  དེའི་ཚུལ་མཐུན་གྱི་སེམས་ཁྲལ་ཡིན།  དེའི་རྐྱེན་གྱིས་བོད་ཀྱི་རྩོམ་རིག་དང་སྒྱུ་རྩལ།  རིག་ཚན་གྱི་ཡེ་ཤེས་དུས་དེབ་ནི་དུས་སྐབས་དང་མཐུན་ཞིང་།  མི་རྣམས་ཀྱིས་དགའ་བསུ་ཐོབ་པའི་གསར་གཏོད་ཀྱི་ལས་གཞི་ཞིག་ཡིན་ལ།  དུས་དེབ་འདི་ཡིས་ནུབ་ཕྱོགས་ཀྱི་ཀློག་པ་པོ་རྣམས་ལ་སྔར་བཞིན་སྐྱེ་སྟོབས་ཀྱིས་ཕྱུག་པའི་རྩོམ་རིག་གི་འཇིག་རྟེན་ཞིག་ངོ་སྤྲོད་དང་།  མཉམ་སྤྱོད་བྱ་བར་བྱེད་ནུས་གལ་ཆེན་ཞིག་འདོན་ངེས།  ཡེ་ཤེས་དུས་དེབ་ལ་མིག་སྔའི་བོད་ཀྱི་རྩོམ་རིག་དང་རིག་གཞུང་གི་ཐོན་འབྲས་རྩེར་སོན་པ་དང་།  སེམས་ངར་བསྐྱེད་པ་ཀུན་གེགས་ཅི་རིགས་ལས་གྲོལ་ཏེ་འདོན་སྤེལ་བྱ་བའི་དམིགས་ཡུལ་མཆིས་ལ་འཇོན་ནུས་གདའ།